མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི༢༠༢༠ལོའི་བོད་ཀྱི་གསོ་བ་རིག་པའི་ཤེས་རམས་དང་འབུམ་རམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་དམ་བཅའ་༢༠༢༠ལོའི་ཟླ་༦པའི་ཚེས་༣དང་༤སྟེ། ཉིན་གཉིས་ཀྱི་རིང་མཚོ་སྔོན་སློབ་ཆེན་གྱི་ཤེས་རབ་ཐོག་ཁང་གི་གསུམ་ཐོག་རིག་གཞུང་སྙན་ཞུ་ཁང་དུ་འཚོགས་ཤིང་། དམ་བཅའི་ཆེད་མཁས་ཨུ་ཡོན་གྱི་དབུ་ཆེན་ལ་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་རྒྱལ་བ་ལགས་དང་། ཚོགས་མི་ལ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་གནམ་ལྷ་མཁར། མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཙི་བྷ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་སྐལ་བཟང་བཀྲ་ཤིས། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་གཞོན་པ་མཁའ་འགྲོ་སྐྱབས་བཅས་ཞུགས་པ་དང་། དམ་བཅའི་གོ་རིམ་ཡོངས་༼མཚོ་སྔོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་དམ་བཅའི་གོ་རིམ་༽དང་༼མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་སློབ་མའི་སྐྱེད་སྲིང་ཇུས་གཞི༽འི་གྲོས་གཞི་ལྟར་ལག་བསྟར་བྱས། ཐེངས་འདིར་འབུམ་རམས་སློབ་མ་༤དང་ཤེས་རམས་སློབ་མ་༡༩བཅས་ཁྱོན་བསྡོམས་ཞིབ་འཇུག་སློབ་མ་༢༣མཐར་ཕྱིན་དམ་བཅའི་སྒྲོགས་སྦྱང་ལ་ཞུགས།